Лев Толстой на тибетском языке
Л. Н. Толстой
Упустишь огонь — не потушишь.
མེ་སྟག་གཅིག་གིས་ཁང་པ་བསྲེགས་པ།
སྟོད་ཆ།
གཅིག
༄༅། །སྔར་ཨུ་རུ་སུའི་ས་ཆ་ཞིག་ཏུ་ཨི་ཝན་ཞེས་པའི་ཞིང་པ་ཞིག་ཡོད། ཁོང་ལ་བུ་གསུམ་ཡོད་པ་ལས་རྒན་ཤོས་དེ་གཉེན་བསྒྲིགས་ཟིན། ཨི་ཝན་དང་ཁོང་གི་བུ་རྣམས་ལས་ལ་བརྩོན་ཞིང་། བཟའ་ཟླ་དང་བུ་ཆུང་མས་དུས་རྒྱུན་ཁྱིམ་ལས་འཐུས་ཤོར་མི་གཏོང་བའི་ཁར་ཁོམ་ལོང་བྱུང་ན་ཁོང་ཚོར་ཞིང་ལས་བྱེད་རོགས་བྱེད།
ཁྱིམ་ཚང་དེའི་ནང་ལས་མེད་གཅིག་རང་ཡོད་པ་དེ་ནི་ཨི་ཝན་གྱི་ཕ་རྒན་ཡིན། ཁོང་དབུགས་ཚང་གི་ནད་གཞིས་ཟིན་ནས་ལོ་ངོ་བདུན་རིང་ཉལ་སར་ལྷུང་། ཁོང་ཚོའི་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་གང་ཡང་མེད་ཅིང་། ཅི་སྟེ་ནང་ཁུལ་དུ་ཁ་རྩོད་ཕྲན་བུ་དང་ཁྱིམ་མཚེས་གྷབ་རིལ་ཚང་ལ་ཁ་རྩོད་འདྲ་མ་བྱུང་ན། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞེས་པ་དེ་འདི་འདྲ་ཞིག་ལོས་ཡིན་སྙམ། གྷབ་རིལ་ཚང་གི་ཕ་རྒན་སྐུ་འཚོ་བཞུགས་ཀྱི་སྐབས་དང་། ཨི་ཝན་གྱི་ཕ་རྒན་གྱིས་ཁྱིམ་གྱི་གཙོ་འགན་བཞེས་སྐབས། ཁྱིམ་ཚང་འདི་གཉིས་ཕན་ཚུན་ཡིད་ཆེས་དང་འཆམ་མཐུན་ངང་གནས་པ་མ་ཟད། དུས་རྒྱུན་ཐོང་གཤོལ་དང་སླ་ང་སོགས་གཡར་རེས་བྱས་ཏེ་གཅིག་ཕན་གཅིག་གྲོགས་བྱེད་ལ། གལ་ཏེ་ཁྱིམ་ཚང་གཅིག་གི་བ་ཕྱུགས་ཁྱིམ་ཚང་གཞན་དེའི་སྒོ་རའི་ནང་སོང་ཡང་ག་ལེར་ཕྱིར་ཕུད་པ་ལས། ཕན་ཚུན་ཁ་རྩོད་ཙམ་ཡང་ཤོར་མྱོང་མེད། འོན་ཀྱང་། ཁོང་ཚོའི་བུ་ཕྲུག་གིས་ཁྱིམ་གྱི་འགོ་གཙོ་བྱེད་པའི་དུས་ཚོད་ཤར་སྐབས། ད་གཟོད་སྔར་གྱི་གནས་སྟངས་ལ་ འགྱུར་བ་ཆེན་པོ་ཞིག་ཐེབས་སོ།།
གཉིས།
དོན་རྐྱེན་ཚབས་ཆེན་གང་འདྲ་ཞིག་བྱུང་ཡང་དེ་ནི་ཐོག་མར་རྒྱུ་ཆུང་ཆུང་ཞིག་ལས་འབྱུང་བ་ཡིན། ཨི་ཝན་གྱི་བུའི་ཆུང་མར་བྱ་མོ་ཞིག་ཡོད་ཅིང་། དེས་རྒྱུན་དུ་རྟ་རའི་ནང་སྒོ་ང་གཏོང་གི་ཡོད། ཉིན་ཞིག་བྱིས་པ་ཚོས་དཀྲོགས་པ་ཡིན་ནམ་གང་ལྟར་བྱ་མོ་དེ་ཁྱིམ་མཚེས་ཀྱི་སྒོ་རའི་ནང་བབས་ཏེ་སྒོ་ང་བཏང་བ་རེད། ཨི་ཝན་གྱི་བུའི་མནའ་མས་རྒྱུན་ལྡན་ལྟར་རྟ་རའི་ནང་སྒོ་ང་ལེན་དུ་ཡོང་སྐབས་དེ་གར་སྒོ་ང་གཅིག་ཀྱང་མ་མཐོང་།
མོས་སྒོ་ང་འཚོལ་བཞིན་པ་ཁྱིམ་གྱི་བུ་ཆུང་ཤོས་ཊ་ར་སིས་མཐོང་སྟེ། བྱ་མོ་དེས་ཁྱིམ་མཚེས་ཀྱི་སྒོ་རའི་ནང་འཕུར་ནས་དེར་སྒོ་ང་ བཏང་བ་དང་སྒོ་ང་བཏང་ཚར་རྗེས་ང་ཚོའི་ནང་ཕྱིར་ལོག་བྱུང་། ཞེས་བཤད་པས། དེ་འཕྲལ་ཨི་ཝན་གྱི་བུའི་ཆུང་མས་གྷབ་རིལ་ཚང་ལ་སྒོ་ང་ལེན་དུ་སོང་། གྷབ་རིལ་གྱི་མ་རྒན་གྱིས་ «བུ་མོ། ཁྱོད་ལ་ག་རེ་དགོས་འདུག་» ཅེས་དྲིས་པས། དེ་རིང་ཞོགས་པ་ང་ཚོའི་བྱ་མོ་དེ་ཁྱེད་ཚང་གི་སྒོ་རའི་ནང་འཕུར་སོང་། སྒོ་ང་འདྲ་བཏང་མི་འདུག་གམ་ཞེས་དྲིས། གྷབ་རིལ་གྱི་མ་རྒན་གྱིས་ཚིག་རྩུབ་ངང་ང་ཚོས་སོ་སོའི་བྱ་མོས་བཏང་བའི་སྒོ་ང་སྒྲུག་པ་ལས་ཁྱིམ་ཚང་གཞན་གྱི་སྒོ་ང་དགོས་དོན་མེད། ལར་ནས་ང་ཚོ་ཁྱིམ་ཚང་གཞན་གྱི་སྒོ་ཁར་སྒོ་ང་འཚོལ་བར་འགྲོ་མཁན་དེ་འདྲ་མིན། ཞེས་ལབ་པས། ཨི་ཝན་ཚང་གི་གནམ་མ་ཁོང་ཁྲོ་ཆེན་པོ་ལངས་ཏེ་སེམས་ནས་དྲན་ཚད་བཤད། གྷབ་རིལ་གྱི་མ་རྒན་གྱིས་ཀྱང་ཚིག་ངན་གང་བྱུང་གིས་སྨོད་དེ་སྐད་མགོ་ཇེ་མཐོ་ནས་ཇེ་མཐོར་སོང་། ཨི་ཝན་གྱི་བཟའ་ཟླས་ཆུ་འཁུར་ནས་ལོག་ཡོང་སྐབས་ཁོང་གཉིས་ཁ་རྩོད་རྒྱག་བཞིན་པ་དེ་མཐོང་བས། མོ་ཡང་ཁ་རྩོད་དེའི་ནང་ཞུགས། གྷབ་རིལ་གྱི་མ་རྒན་གྱིས་ཨི་ཝན་གྱི་བཟའ་ཟླར་སྐྱེ་དམན་ལས་ངན་མ་ཁྱོད། སོ་སོའི་གྱོས་པོ་སྡུག་ལ་གཏད་པ་དེར་ངོ་མི་ཚའམ། ཞེས་བསྡིགས་པས། མོའི་སྐད་ཆ་དེ་མིའི་ནང་ཚྭ་བླུགས་པར་ལྟར་ཨི་ཝན་གྱི་བཟའ་ཟླའི་སེམས་ལ་ཟུག་ནས། ངོ་ཚ་མེད་མཁན་དེ་ཁྱོད་རེད། ང་ཚོའི་སླ་ང་གཡར་ནས་ད་དུང་ཡང་ཕྱིར་སྤྲད་མེད། ད་ལྟ་རང་སླ་ང་ཕྱིར་འཁྱེར་ཤོག་ཟེར། གྷབ་རིལ་གྱི་བཟའ་ཟླས་ནང་ནས་སླ་ང་བླངས་ཏེ་ཐང་དུ་གཡུག་གྲབས་བྱེད་སྐབས་ཨི་ཝན་གྱི་བཟའ་ཟླས་མོའི་ལག་ནས་ཤུགས་ཀྱིས་འཐེན། སྐབས་དེར་གྷབ་རིལ་ཡང་ཞིང་ལས་ཚར་ནས་ཁྱིམ་དུ་སླེབས་པས། ཁོས་ལམ་སང་སོ་སོའི་བཟའ་ཟླའི་ཕྱོགས་བྱས་ཏེ་ཨི་ ཝན་གྱི་བཟའ་མིར་ཁ་རྡུང་བཏང་། གློ་བུར་དུ་ཨི་ཝན་བརྒྱུགས་ཡོང་སྟེ་ཁ་རྩོད་ནང་ཞུགས། ཨི་ཝན་སྟོབས་ཤུགས་ཆེ་བས་ཁོས་འབུད་རྒྱག་ཐེངས་གཅིག་གིས་དེར་འདུས་ཀྱི་མི་རྣམས་ཁ་ཐོར་བཏང་བ་མ་ཟད། གྷབ་རིལ་གྱི་ཨོག་ཚོམ་ནས་འཐེན་ཏེ་སྨ་ར་སྦར་ མོ་གང་བལ། དེ་འཕྲལ་ཡུལ་མི་ཁྱིམ་མཚེས་རྣམས་བརྒྱུགས་ཡོང་ནས་གཅིག་འཐེན་གཅིག་འཇུས་ཀྱིས་ཕན་ཚུན་ཁ་ཕྲལ་ཐུབ་ཙམ་བྱུང་།
གསུམ།
གྷབ་རིལ་གྱིས་ཨི་ཝན་གྱིས་བལ་བའི་སྨ་ར་སྦར་མོ་གང་དེ་ཤོག་བུ་ཞིག་ནང་བསྒྲིལ་ནས་ཁྲིམས་ཁང་དུ་གྱོད་གཏུག་པར་སོང་། ཁོའི་ཆུང་མ་ཡང་རྗེས་བསྙེགས་ནས་ «ཁྲིམས་ཁང་ནས་ཨི་ཝན་ འཛིན་བཟུང་བྱས་ཏེ་སི་བི་ཡ་(Сибирь) ལུང་པར་རྒྱང་འཕུད་གཏོང་དགོས་» ཞེས་ཞུ་གཏུགས་བྱས། ཨི་ཝན་ཁྲིམས་ཁང་དུ་འབོད་དུས་ཁོས་གྷབ་རིལ་གྱི་སྨ་ར་བལ་བ་ངོས་ལེན་གཏན་ནས་མ་ཞུས་པར། «ངས་ཁོའི་སྨ་ར་བལ་མེད། ཁོས་མི་གཞན་ལ་གྱོད་འཛུགས་ཆེད་སོ་སོའི་སྨ་ར་བལ་ནས་རྫུན་བཤད་ཀྱི་འདུག» ཅེས་དང་།
« ཁོའི་བུས་ངའི་སྟོད་ཐུང་ནས་འཐེན་ཏེ་སྟོད་ ཐུང་གི་སྒྲོག་གུ་ཡང་བཀོག་སོང་བས། ཁྲིམས་དཔོན་མཆོག་གིས་བློ་གཟུ་བོའི་སྒོ་ནས་ཁྲིམས་ཐག་གཅོད་རོགས་» ཞེས་བཤད། རྩོད་རྙོག་ཡུན་ཇི་ཙམ་རིང་པོར་གནས་པ་དེ་ཙམ་གྱིས་ཁོང་ཚོའི་འཚོ་བར་དཀའ་ངལ་དང་བརྡབ་གསིག་ཕོག་གི་ཡོད། ཐོག་མར་ཕན་ཚུན་ཚིག་རྩོད་འདྲ་སྒྲ་རེད་བྱེད་པ་དང་། དེ་རྗེས་མིག་གིས་མཐོང་ཚད་གཞུ་རེས་བྱས་ནས་འཁྲུག་རྩོད་རྒྱུན་མི་ཆད་པར་བྱུང་། ཁོང་ཚོའི་བུ་ཕྲུག་ཚོ་ རྒན་པས་གང་བྱས་གཞོན་པས་ལད་ཟློས་བྱེད་པའི་དཔེ་ལྟར། ཉིན་ལྟར་ཁ་རྩོད་དམ་ཡང་ན་འཁྲུག་རྩོད་ཤོར་གྱི་ཡོད། ན་ནས་ཉལ་སར་ལུས་པའི་ཨི་ཝན་གྱི་ཕ་རྒན་གྱིས་ཁྱིམ་མཚེས་ཕན་ཚུན་ཞི་མཐུན་མཉམ་གནས་ཡོང་བའི་ཐབས་ཤེས་གང་མང་བྱས། ཁྱོད་ཚོས་ཅི་བྱེད་ཀྱི་ཡོད། སྒོ་ང་རྡོག་པོ་གཅིག་ལ་རིན་ཐང་ག་ཚོད་ཡོད་དམ། དཀོན་མཆོག་གིས་སྐྱེ་བོ་ཚང་མར་ཟས་འདང་ངེས་རེ་གནང་ཡོད་པས་ཕན་ཚུན་འཁྲུག་རྩོད་བྱེད་དགོས་དོན་མེད།གལ་ཏེ་ཁྱིམ་མཚེས་ཚང་གིས་ཚུལ་མིན་གྱི་སྐད་ཆ་འདྲ་བཤད་ཀྱང་། དེ་མ་ཉིད་དུ་ཁ་ལན་མི་སློག་པར་བཟོད་སྒོམ་བྱས་ཏེ། ཡ་རབས་ཀྱི་སྐད་ཆ་ཤོད་པ་དང་ཕན་ཚུན་སྔར་བཞིན་འགྲིག་ཐབས་བྱེད་དགོས། ཁྱིམ་མཚེས་ཕན་ཚུན་དབར་མི་ལེགས་པའི་ གནས་ཚུལ་ཇི་ཙམ་མང་བ་བྱུང་ན། དེ་ཙམ་གྱིས་ཁྱིམ་ཚང་གི་ བདེ་སྐྱིད་ལ་གནོད་སྐྱོན་འབྱུང་ངེས་ཡིན། ཞེས་བཤད། འོན་ཀྱང་ཁོང་གི་སྐད་ཆ་དེ་དག་ལོ་ན་གཞོན་པ་རྣམས་ཀྱིས་རྣ་རྒྱབ་ཀྱི་རླུང་བུར་བཏང་བ་ལས་ཉན་འཇོག་བྱེད་མཁན་མ་བྱུང་། ཨུ་ཝན་དང་གྷབ་རིལ་གྱིས་ཁྲིམས་ཁང་དུ་ཞུ་གཏུག་ཐེངས་མང་བྱས་པས་ཁྲིམས་རྩོད་པ་དག་ཀྱང་ཁོང་གཉིས་ཀྱི་བྱེད་སྟངས་ལ་ཡིད་སུན་པར་གྱུར། སྐབས་རེར་ཨི་ཝན་ལ་ཁྲིམས་ཆད་ཕོག་པ་དང་། མཚམས་རེར་གྷབ་རིལ་ལ་ཁྲིམས་ཆད་ཕོག་སྟེ་ཁོང་ཁྲོ་དང་ང་རྒྱལ་གྱི་འཐབ་རྩོད་དེ་ཡེ་ནས་ཞི་མ་ཐུབ་པར་ཡུན་རིང་ལུས་སོ།
བཞི།
ལོ་བདུན་འགོར་བའི་རྗེས་ཀྱི་ཉིན་ཞིག་ལ། གཉེན་སྟོན་ཞིག་གི་སྟེང་ཨི་ཝན་གྱི་བུའི་ཆུང་མས་གྷབ་རིལ་གྱིས་རྟ་བརྐུས་པའི་གྱོད་བཙུགས་ནས་མི་མང་འདུས་སར་གྷབ་རིལ་ངོ་ཚར་གཏད། གྷབ་རིལ་ཆང་གིས་བཟི་ཡོད་པས་ཁ་ནས་སྐད་ ཆ་ཚིག་གཅིག་མ་ཐོན་གོང་ཨི་ཝན་གྱི་བུའི་ཆུང་མའི་ལྟོ་བར་རྡོག་ཐོ་ཤུགས་ཆེན་ཞིག་གཞུས། ཨི་ཝན་གྱི་བུའི་ཆུང་མ་སྦྲུམ་མ་ཡིན་པས། ན་ཟུག་གིས་མི་བཟོད་པར་བདུན་ཕྲག་གཅིག་རིང་ཉལ་སར་ལྷུང་། ཨི་ཝན་དགའ་སྤྲོས་མྱོས་ཏེ་བུད་མེད་སྦྲུམ་མ་ཞིག་ལ་ཉེས་རྡུང་ བཏང་བ་དེ་ཉེས་པ་ཚབས་ཆེན་རེད། དེ་ཐེངས་ཁོ་ལ་བྱེད་རྒྱུ་ ག་རེ་འདུག་ལྟོས་ཤོག་་་ཅེས་ཁེར་ལབ་བྱས། འོན་ཀྱང་ཁྲིམས་དཔོན་གྱིས་སྦྲུམ་མར་ཉེས་རྡུང་བཏང་བའི་ཁ་མཆུ་དེར་དང་ལེན་མ་བྱས་པར། ཁོ་མོར་རྨས་སྐྱོན་བྱུང་བའི་རྟགས་མཚན་གང་ཡང་མི་འདུག་པས་ཁྲིམས་ཁང་ནས་ཁ་མཆུ་དེར་ཁས་ལེན་བྱ་ཐབས་མེད་ཅེས་ཁྱབ་བསྒྲགས་བྱས། ཨི་ཝན་གྱི་སེམས་ལ་ཐབས་ཤེས་གཞན་ཞིག་དྲན་ཏེ་ཁ་མཆུ་དེ་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས། ཁོས་ཁྲིམས་དཔོན་དང་ཁྲིམས་དྲུང་རྣམས་ལ་ལྐོག་རྔན་སྤྲད་དེ་་་གྷབ་རིལ་མི་ཚོགས་འདུས་སར་བརྡུང་ཆོག་པའི་ཉེས་ཆད་གཏོང་རོགས་་ཞེས་རེ་སྐུལ་ཞུས། ཁྲིམས་ཁང་ནས་ཀྱང་ཁྲིམས་ཆད་དེ་ལྟར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པས། གྷབ་རིལ་གྱི་ངོ་གདོང་སྐྱ་བོར་གྱུར་ཅིང་སེམས་པ་ལང་ལོང་དུ་འཁྲུགས། གྷབ་རིལ་གྱིས་་་ཁོས་ང་མི་ཚོགས་ཀྱི་དབུས་སུ་བརྡུངས་ནས་ངའི་གདོང་པ་ངོ་ཚས་སྲེག་རྩིས་བྱེད་ཀྱི་འདུག ཡིན་ནའང་། ངས་དེ་ལས་ལྷག་པ་ཞིག་ངེས་པར་དུ་བསྲེག་ཐུབ་པ་བྱེད་ཀྱི་ཡིན།་་་ཞེས་ཁེར་ལབ་བྱས་པ་ཨི་ཝན་གྱི་གོ་ནས། ལམ་སང་ཁྲིམས་དཔོན་ལ་་་ཁོས་མེ་སྲེག་གཏོང་རྒྱུའི་རྡུས་ངན་བཤམས་འདུག ཁྲིམས་དཔོན་གྱིས་འདྲི་རྩད་གནང་རོགས་ཞེས་ ཡར་ཞུ་བྱས། འོན་ཀྱང་གྷབ་རིལ་གྱིས་་་ངས་མེ་སྲེག་གི་སྐོར་གང་ཡང་བཤད་མེད་ལ་དེ་ལྟར་དྲན་ཡང་མ་བྱུང་། ་་་ཞེས་རྒོལ་ལན་སློགཁྲིམས་དཔོན་གྱིས་ཁོང་གཉིས་ཞི་འགྲིག་ཡོང་ཐབས་བྱས་ཏེ། ཁ་མཆུ་འདིའི་ཆེད་དུ་མུ་མཐུད་རྩོད་པ་བརྒྱབས་ན་ཕན་ཐོགས་ གང་ཡང་མེད། གྷབ་རིལ། ཁྱོད་ཀྱིས་བུད་མེད་སྦྲུམ་མ་ཞིག་ལ་ ཉེས་རྡུང་བཏང་བས། ད་ཁྱོད་ལ་བཤད་རྒྱུ་ག་རེ་ལྷག་ཡོད། གལ་སྲིད་ཁྱོད་ཀྱིས་བྱ་ངན་འདི་འདྲ་ཞིག་བརྩམས་མེད་ན་ད་ལྟའི་གནས་ཚུལ་འདི་འདྲ་ལྷག་གི་མ་རེད། དེ་བས་རང་སྐྱོན་རང་ཤེས་དང་། རང་གནོང་ངོས་ལེན་བྱས་ཏེ་ཨི་ཝན་ལ་དགོངས་སེལ་ཞུས། གལ་སྲིད་ཁྱོད་གཉིས་ནང་ཁུལ་ཞི་འགྲིག་བྱུང་ན་ཁྲིམས་ཁང་ནས་ཁྲིམས་ཆད་ལ་འགྱུར་བཏང་ཆོག་་་ཅེས་བཤད། འོན་ཀྱང་ཁོ་གཉིས་ཀྱིས་ཞི་འགྲིག་བྱ་རྒྱུའི་རྣམ་འགྱུར་གང་ཡང་མ་བསྟན་པས་ཁྲིམས་དཔོན་ལའང་ཐབས་ཤེས་གང་ཡང་མ་རྙེད།གྷབ་རིལ་གྱིས་་་སང་ལོར་ང་ཕོ་ལོ་ལྔ་བཅུ་ཐམ་པ་ཏག་ཏག་འཁོར་གྱི་ཡོད། ད་བར་ངའི་མི་ཚེའི་ནང་མི་སུ་གང་གིས་ཀྱང་ཉེས་རྡུང་ བཏང་མ་མྱོང་། ཡིན་ཡང་ད་ཐེངས་ཨི་ཝན་གྱིས་ང་ལ་གྱོད་ བཙུགས་ནས་ཉེས་རྡུང་གཏོང་རྒྱུ་རེད། ད་དུང་ངས་ཁོ་ལ་དགོངས་སེལ་ཞུ་དགོས་པ་རེད་དམ། ངས་ནམ་ཡང་ཁོ་ལ་དགོངས་སེལ་ཞུ་གི་མིན། ཉིན་གཅིག་ཁོས་ང་དྲན་སོས་པའི་དུས་ཚོད་གཅིག་ཏན་ཏན་ཤར་ངེས་རེད། དེ་དུས་ལྟད་མོ་མཐོང་ཡོང་། ཞེས་བཤད་ཀྱིན། ཁོང་ཁྲོས་ལུས་པོ་འདར་བཞིན་ཁྲིམས་ཁང་གི་སྒོར་ཐོན་ཏོ།
སྨད་ཆ།
གཅིག
༄༅།།ཨི་ཝན་ཁྱིམ་དུ་སླེབས་སྐབས་ས་རུབ་གྲབས་ཡོད། ཁྱིམ་དུ་ཁོའི་ཕ་རྒན་མ་གཏོགས་གཞན་སུ་ཡང་བསྡད་མེད། ཁོས་ངལ་གསོ་ཅུང་ཙམ་བརྒྱབས་ནས་བསམ་གཞིག་གི་ཀློང་དུ་ཚུད། ཁྲིམས་ཁང་ནས་གྷབ་རིལ་ལ་ཁྲིམས་ཆད་གཏོང་སྐབས་ གྷབ་རིལ་གྱི་ངོ་གདོང་སྐྱ་བོར་གྱུར་པ་དང་། ཁོ་ངོ་ཚ་ནས་ངོ་ གདོང་གྱང་ངོས་སུ་སྦས་པའི་ཡ་ང་བའི་སྣང་ཚུལ་དེ་དག་ཡིད་ ལ་ཁྲ་ལམ་མེར་འཁོར་ཡོང་བས། གྷབ་རིལ་ལ་སྙིང་རྗེ་བའི་ཚོར་སྣང་ཞིག་ཀྱང་ངང་གིས་སྐྱེས། གློ་བུར་དུ་ཕ་རྒན་ལ་གློ་ལུད་ཅིག་བྱུང་བས་ཁོའི་བསམ་གཞིག་གི་རྒྱུན་ཐག་བཅད། ཕ་རྒན་གྱིས་ལག་ཟུང་གྱང་ལ་རྟེན་གྱིན་ཉལ་ཁྲིའི་སྟེང་དུ་བསྡད་དེ། སླར་ཡང་གློ་ལིད་རིང་པོ་ཞིག་རྒྱག་གིན། ཁོ་ལ་ཁྲིམས་ཆད་ཕོག་སོང་ངམ་ཞེས་དྲིས་པར།
ཨི་ཝན་གྱིས་ ཕོག་སོང་། རྒྱུན་རྡུང་ཉི་ཤུ་གཞུས་སོང་། ཞེས་ལན་བཏབ།
ཨ་ཙི་ཙི། ཁྱོད་ཀྱི་བྱེད་སྟངས་དེ་འགྲིག་མི་འདུག
ཁོས་ང་ཚོའི་བུའི་ཆུང་མར་ཉེས་རྡུང་བཏང་བ་མ་ཟད། ད་ཆ་ང་ཚོའི་ཁང་པ་མེར་བསྲེགས་གཏོང་གི་ཡིན་ཞེས་འཇིགས་སྣང་སྐུལ་གྱི་འདུག ང་ད་དུང་གོ་མེད་ཚོར་མེད་ངང་བསྡད་ན་འགྲིག་གམ། ཕ་རྒན་གྱིས་ཡིད་ཅུང་ཕངས་པའི་ངང་་་ཁྱོད་གྱིས་བསམ་པར་ལོ་ངོ་འདི་དག་རིང་ང་ཉལ་སར་ལུས་པས་ཕྱིའི་གནས་ཚུལ་གང་ཡང་མཐོང་གི་མི་འདུག་བསམ་གྱི་འདུག་གམ། ངས་མ་མཐོང་བ་མ་རེད། གསལ་པོ་མཐོང་གི་འདུག གནས་ཚུལ་ངོ་མ་མི་མཐོང་མཁན་དེ་ཁྱོད་རང་རེད།
ང་རྒྱལ་དང་ཞེ་སྡང་གིས་ཁྱོད་ལོང་བར་གྱུར་འདུག ག་དུས་ཡིན་ཡང་གྷབ་རིལ་གྱིས་མ་འགྲིགས་པ་འདི་བྱས་སོང་། དེ་བྱས་སོང་ཟེར། གལ་ཏེ་ཁོས་མ་འགྲིག་མ་འཐུས་པ་བྱས་ཀྱང་ཁྱོད་ཀྱིས་དེར་ཡ་ལན་མ་བྱས་ན་འཁྲུག་རྩོད་ཡོང་སའི་གཞི་རྩ་ཡོད་པ་མ་རེད།
ཁོའི་སྨ་ར་སུས་བལ་བ་རེད། ཁོ་ཁྲིམས་ཁང་ལ་སྐྱེལ་མཁན་སུ་རེད། ཁོའི་ཕ་རྒན་དང་ང་ཚོའི་དུས་སུ་འཚོ་བ་སྐྱེལ་སྟངས་ འདི་འདྲ་ཞིག་གཏན་ནས་མིན། གལ་ཏེ་ཁོང་ཚོར་འབྲས་དང་གྲོ་ཞིབ་སོགས་མ་འདང་བའི་དཀའ་ངལ་འདྲ་འཕྲད་ན། ཐད་ཀར་ང་ཚོའི་ཁྱིམ་དུ་ལེན་པར་ཡོང་བ་དང་། ངས་ཀྱང་ག་ཚོད་དགོས་ནའང་ཁྱེར་ཅིག་ཟེར་གྱི་ཡོད། ཁོང་ཚོ་ཞིང་ལས་བྲེལ་བ་ཆེ་བས་སྐབས་རེར་རྟ་འཚོ་མཁན་མེད་པར་གྱུར་ཚེ། ངས་ཁྱོད་ཚོ་མངགས་ནས་ཁོང་ཚོའི་རྟ་འཚོ་བར་ གཏོང་གི་ཡོད།
དེ་བཞིན་ང་ཚོའི་ནང་ལ་དཀའ་ངལ་འདྲ་འཕྲད་ཀྱང་གྷབ་རིལ་གྱི་ཕ་རྒན་གྱིས་རོགས་གང་ཐུབ་བྱེད་ཀྱི་རེད། འོན་ཀྱང་ད་ལྟ་ཁྱོད་ཚོའི་བྱེད་སྟངས་ལ་སྟོས་དང་། ཁྱོད་ཀྱིས་སོ་སོའི་ཆུང་མ་དང་བུ་ཕྲུག་ཚོར་ལམ་སྟོན་གང་འདྲ་བྱེད་རྩིས་ཡོད། ཁ་སང་ཁྱོད་ཀྱི་བུ་ཊ་ར་སིས་ཁྱིམ་འཚེས་ཨི་རེ་ནར་ཚིག་ངན་བཤད་པ་མ་ཟད། གུས་ཞབས་མེད་པར་ཁོའི་མིང་ནས་འབོད་སྐབས། ཁོའི་མ་རྒན་གྱིས་ཊ་ར་སིར་ཁ་རྡུང་གཏོང་རྒྱུ་པར་ཞོག ད་དུང་ ཁོའི་བྱེད་སྟངས་ལ་བསྟས་ནས་གད་མོ་བགད་ནས་བསྡད་སོང་། བྱེད་སྟངས་དེ་ཅི་འདྲའི་སྙིང་རྗེ་བ་ལ་ཨང་། དེ་དཀོན་མཆོག་གིས་ང་ཚོར་བསླབས་པའི་ཆོས་ཀྱི་སྙིང་པོ་དེ་མ་རེད་དམ། གལ་ཏེ་མི་གཞན་གྱིས་རང་ཉིད་ལ་དམོད་བོར་བའམ་ ཚིག་ངན་འཕངས་ན་ཡ་ལན་མ་སྤྲད་པར་ཁུ་སིམ་མེར་སྡོད་དང་། ཁོ་རང་གི་བྱེད་སྟངས་དེ་ནོར་འཁྲུལ་ཡིན་པ་ངོ་འཕྲོད་ངེས་རེད། གལ་ཏེ་མི་གཞན་གྱིས་ཁྱོད་ལ་ཞེ་འཁོན་འཛིན་པ་དང་ཉེས་རྡུང་གཏོང་བ་སོགས་བྱེད་སྐབས། ལམ་སང་དགྲ་ཤ་ལེན་རྒྱུའི་བསམ་བློ་མ་གཏོང་། བཟོད་པ་སྒོམ་ནས་དགོངས་སེལ་བྱས་ན་ཕ་རོལ་པོས་རང་སྐྱོན་
རང་གིས་ཤེས་ཐུབ། དེ་ནི་དཀོན་མཆོག་གིས་ང་ཚོར་ལམ་སྟོན་གནང་བའི་གདམས་ངག་ཀྱང་རེད། ཅེས་བཤད་པས། ཨི་ཝན་ གྱིས་ཁུ་སིམ་མེར་ཁོའི་ཨ་ཕར་ཉན་ནས་བསྡད།
གཉིས།
ཕ་རྒན་གྱིས་སྐད་ཆ་བཤད་མཚམས་བཞག་ནས། གློ་རིང་པོ་ ཞིག་བརྒྱབས་ཏེ་མིད་པ་བསངས་ཙམ་བྱས་ནས་བསྐྱར་དུ་བཤད་པར། ལོ་ངོ་འདི་དག་རིང་འཁྲུང་རྩོད་ཟམ་མི་ཆད་པར་བརྒྱབས་ ནས་ཁྱོད་ལ་ཅི་ཞིག་ཐོབ་བྱུང་། སྔོན་མའི་གནས་སྟངས་ལས་ ཡག་ཏུ་སོང་འདུག་གམ། ཡང་ན་སྡུག་ཏུ་སོང་འདུག་སྟོས་དང་། དེང་སྐབས་ཁྱོད་ལ་རང་ཉིད་ཀྱི་བྱ་བ་གཉེར་བའི་དུས་ཚོད་ཀྱང་མེད་པ་དེ་ཅི་ཞིག་གིས་ལན་ནམ།ད་ལོ་ཁྱོད་ལ་ལོ་ཏོག་སྙེ་མ་རྐང་གཅིག་ཀྱང་འཐུ་རྒྱུ་མེད། རྒྱུ་མཚན་ནི་ཁྱོད་ཀྱི་སྙིང་ལ་གདོན་འདྲེ་ཞུགས་ནས་ཉིན་ལྟར་ཁྲིམས་ཁང་ལ་འགྲོ་བ་ལས་ཞིང་རྨོ་རན་པའི་དུས་སུ་ཞིང་རྨོས་མེད། ད་གནས་སྟངས་འདི་འདྲ་ཞིག་ལ་སླེབས་པ་དེ་ཁྱོད་ཀྱིས་འཁྲུག་རྩོད་བསླངས་པའི་འབྲས་བུ་རེད། ཁྱོད་ད་ལྟ་རང་ཁྲིམས་ཁང་དུ་སོང་ནས་གནས་ཚུལ་ཐམས་ཅད་མཇུག་སྒྲིལ་བར་བྱས་ཏེ། སང་ཉི་མ་ཤར་དུས་གྷབ་རིལ་ང་ཚོའི་ ཁྱིམ་དུ་བོས་ནས་ང་ཚོ་མཉམ་དུ་ཇ་འཐུང་རྒྱུ་ཡོད་པ་ཞིག་བཟོས་ཤོག་ཟེར། ཨི་ཝན་གྱིས་ཁོའི་ཕ་རྒན་གྱི་བཤད་པ་རྣམས་བདེན་པ་ཡིན་པ་ཤེས་ཀྱི་ཡོད་མོད། འོན་ཀྱང་ཁོས་ཇི་ལྟར་བྱ་དགོས་མིན་དང་འགོ་ ཇི་ལྟར་འཛུགས་དགོས་མིན་མ་ཤེས། ཕ་རྒན་གྱིས་་་ཨི་ཝན། ཁྱོད་ཀྱིས་གྱོན་པ་བརྗེ་དགོས་དོན་མེད། ཁྱོད་ད་ལྟ་རང་སོང་ནས་གནས་ཚུལ་གང་ཡོད་ཐམས་ཅད་ཐག་ཆོད་པ་གྱིས། མེ་ཆུང་དུས་ནས་གསོད་དགོས་པ་རེད། ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་ཉེན་ཁ་ཆེ་བ་ཡོད་ཟེར།
སྐབས་དེར་ཨི་ཝན་གྱིས་བཟའ་ཟླ་དང་བུའི་ཆུང་མ་གཉིས་གྷབ་རིལ་གྱི་ནང་མི་དང་ཁ་རྩོད་ཤོར་ནས་ཁྱིམ་དུ་ལོག གྷབ་རིལ་གྱིས་ཨི་ཝན་ཚང་ལ་དགྲ་ཤ་ལེན་རྒྱུའི་གྲ་སྒྲིག་འདི་དང་དེ་བྱས་ཚུལ་དང་། དེ་ཐེངས་ཁོ་པས་གོང་མ་ཛཱར་སྐུ་ངོ་མར་ སྙན་ཞུ་ཞིག་ཕུལ་ནས་ཨི་ཝན་ལ་ཉེས་ཆད་གཏོང་རྒྱུའི་རེ་སྐུལ་བྱས་ཚུལ་སོགས་གཅིག་ཤོར་གཉིས་ཤོར་བྱས་ནས་ཆུ་བཞུར་བ་ལྟར་བཤད་བྱུང་། ཨི་ཝན་གྱིས་སྐད་ཆ་དེ་དག་གོ་སྐབས་གྷབ་རིལ་ལ་བཅངས་པའི་འཁོན་སེམས་དེ་བསྐྱར་དུ་ལངས་ནས་ཁོ་དང་ཞི་འགྲིག་བྱེད་པའི་བསམ་བློ་དེ་སྐད་ཅིག་ཉིད་དུ་ཡལ། ཨི་ཝན་སྒོ་རའི་ནང་སྒོ་ཕྱུགས་ལ་གཟན་རྩྭ་སྟེར་བར་སོང་། ཁོས་སྒོ་ཕྱུགས་ལ་གཟན་རྩེ་བྱིན་ནས་ནང་དུ་འཛུལ་འགྲོ་སྐབས་སྒོ་རའི་ཕར་རྒྱབ་ནས་གྷབ་རིལ་གྱིས་མི་ཞིག་ལ་དམོད་བོར་བའི་སྐད་ཐོས། གདོན་འདྲེ་དེར་ལེགས་པའི་ཆ་སྣ་གཅིག་ཀྱང་མེད། དེ་བས་ཁོ་བསད་བཞག་ན་ ཏག་ཏག་རེད་་ཅེས་ཟེར། ཊ་ར་སིས་རྟ་འཁྲིད་ནས་སྤང་ཁར་རྟ་འཚོ་རུ་འགྲོ་རྩིས་བྱེད་ཀྱིན་ཡོད་པས། ཨི་ཝན་གྱིས་ཊ་ར་སིར་རོགས་བྱས་ཏེ་རྟ་སྤང་ཐང་དུ་ སྐྱེལ་བར་སོང་། སྤང་ཐང་དུ་ན་གཞོན་འགའ་ཞིག་ཀྱང་རྟ་འཚོ་བཞིན་ཡོད་པས་ཊ་ར་སིར་རོགས་པ་དགོས་ངེས་མི་འདུག་སྙམ། ཨི་ཝན་གྱི་སེམས་ལ་དེ་སྔོན་གྷབ་རིལ་ལ་ཁྲིམས་ཐག་བཅད་སྐབས་ཁོས་་་ངས་དེ་ལས་ལྷག་པ་ཞིག་ངེས་པར་དུ་བསྲེག་ཐུབ་པ་བྱེད་ཀྱི་ཡིན།
ཞེས་བཤད་པ་དེ་ལྷང་ངེར་དྲན་ནས་སེམས་པ་འཚབ་ འཚུབ་ཏུ་གྱུར།
གསུམ།
ཨི་ཝན་གྱི་སེམས་ལ་ངའི་ཁྱིམ་གྱི་ར་སྐོར་རྣམས་སྐམ་སིང་ངེ་ཡིན་སྟབས། གྷབ་རིལ་ཁོ་གློ་བུར་དུ་ཡོང་ནས་རྩྭ་ཕུང་ལ་མེ་སྤར་ ཏེ་ཁུ་སིམ་མེར་བྲོས་སོང་ན་ཅི་བྱ་་་སྙམ་ནས་ཐེ་ཚོམ་གྱི་ཀློང་དུ་ཚུད་པ་དང་། ཁོའི་སེམས་ལ་དོ་ནུབ་གྷབ་རིལ་མེ་རྒྱག་པར་ཏན་ཏན་ཡོང་ངེས་ རེད། སྙམ་ནས། ནང་དུ་ཡང་མ་ལོག་པར་ར་སྐོར་གྱི་རྒྱབ་ཏུ་ གྷབ་རིལ་ཡོང་མིན་ལ་བྱ་ར་བྱེད་དུ་སོང་། ཨི་ཝན་ར་སྐོར་གྱི་འགྲམ་དུ་སླེབས་གྲབས་ཡོད་སྐབས་ཕར་ཕྱོགས་ན་ནག་ཡོར་ཡོར་ཞིག་འགུལ་གྱིན་པ་མཐོང་། ཁོས་ཁུ་སིམ་སིམ་ངང་ཞིབ་ལྟ་བྱེད་སྐབས་མི་ཞིག་གིས་ཁོའི་རྩྭ་ཕུང་ལ་མེ་སྒྲོན་གྱི་ཡོད། གློ་བུར་དུ་འབར་གས་ཀྱི་སྒྲ་ཞིག་གྲགས་པ་དང་རྩྭ་ཕུང་དེ་མེ་ལྕེ་དམར་པོ་ཞིག་ཏུ་གྱུར་སོང་བས། མེ་ལྕེའི་འོད་མདངས་ཀྱི་ཁྲོད་ན་ གྷབ་རིལ་གྱི་གཟུགས་བརྙན་གསལ་ལྷང་ངེར་མངོན། ཨི་ཝན་གྱིས་གྷབ་རིལ་འཛིན་དུ་འགྲོ་སྐབས་གྷབ་རིལ་རིལ་ལྡེམ་མྱུར་ངང་ར་སྐོར་སྟེང་ནས་མཆོངས་ཏེ་བྲོས་སོང་། ཨི་ཝན་གྱིས་ནུས་ཤུགས་ཡོད་རྒུས་ཁོའི་རྗེས་དེད་པས་གྷབ་རིལ་གྱི་སྟོད་ཐུང་ནས་འཇུ་ཐུབ་ཙམ་བྱུང་། འོན་ཀྱང་གྷབ་རིལ་གྱིས་ ཤེད་ཀྱིས་འཐེན་ནས་མི་མཐུད་བྲོས་པས་ཁོའི་སྟོད་ཐུང་དཔྲལ་ཏེ་ཨི་ཝན་ས་ཐོག་ཏུ་བསྐྱེལ། ཨི་ཝན་གྱིས་་་མི་ཤོག་དང་། མི་གསོད་ལག་དམར་བ་བྲོས་སོང་། ཞེས་སྡུག་སྐད་རྒྱག་གིན་མུ་མཐུད་གྷབ་རིལ་གྱི་རྗེས་འདེད་བྱས། ཨི་ཝན་གྱིས་གྷབ་རིལ་འཛིན་གྲབས་ཡོད་སྐབས་གློ་བུར་དུ་གྷབ་རིལ་གྱིས་རྒྱལ་སྒོའི་འགྲམ་ནས་དབྱུག་པ་སྦོམ་ པོ་ཞིག་སྒྲུགས་ཏེ་ཨི་ཝན་གྱི་མགོ་ཐོག་ཏུ་ཤུགས་ཀྱིས་གཞུས་པས། ཁོ་ཤིང་སྡོང་གོག་པོ་ཞིག་ལྟར་ས་སྟེང་དུ་ དྲན་མེད་ངང་འགྱེལ་སོང་། ཨི་ཝན་དྲན་པ་སོས་སྐབས་གྷབ་རིལ་ནི་མཐོང་སར་བསྡད་མེད། རྒྱབ་ལོགས་ན་འོད་གསལ་ཞིང་སྐད་སྒྲ་ཆེ་བས། ཁོས་ཁ་ཕྱིར་འཁོར་ནས་ལྟ་སྐབས་རང་ཁྱིམ་ལ་མེ་ལྷམ་ལྷམ་དུ་འབར་གྱིན་ཡོད་པ་མཐོང་། གྲོང་པ་ཁྱིམ་མཚེས་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་མེ་གསོད་པར་བརྒྱུགས་ཡོང་རུང་། ནམ་ཟླ་སྐམ་ཞིང་རླུང་བུ་འུར་འུར་ལྡང་བའི་འོག་མེ་ལྕེ་དེ་རྒྱ་སྟག་དམར་པོ་ཞིག་དང་འདྲ་བས་སུས་ཀྱང་འགོག་མ་ཐུབ། དཀོན་མཆོག་གིས་མཁྱེན། ད་འདི་ལས་ངན་ཅི་ཞིག་བསགས་པའི་འབྲས་བུ་རེད། གལ་སྲིད་ངས་རྩྭ་ཕུང་གི་མེ་བསད་ཡོད་ན་ངའི་ཁང་པར་མེ་ཤོར་སྲིད་ཀྱི་མ་རེད། ཅེས་ཨི་ཝན་གྱིས་སྡུག་སྐད་རྒྱག་གིན་མེ་གསོད་པར་འགྲོ་བའི་ཐབས་ཤེས་བྱས་ཀྱང་། ཁོའི་རྐང་པས་ཁོ་པ་འདེགས་མ་ཐུབ་པར་བསྐྱར་དུ་ས་སྟེང་དུ་ འགྱེལ། རླུང་བུ་སྔར་བཞིན་ལྡང་བས་ཨི་ཝན་གྱི་ཁང་པའི་མེ་ ལྕེ་གྷབ་རིལ་ཚང་གི་ཕྱོགས་སུ་སྡང་སྟེ། གྷབ་རིལ་གྱི་ཁྱིམ་ ལ་ཡང་མེ་ཤོར་སོང་། གྲོང་པ་ཁྱིམ་མཚེས་ཚོས་མེ་གསོད་མི་ཐུབ་པ་ཤེས་རྗེས་རང་རང་གི་ཁྱིམ་ཆས་རྣམས་ཕྱིར་དབོར་ཐབས་བྱེད། ཨི་ཝན་གྱི་ཁྱིམ་ལ་མེ་ཤོར་ནས་ཡུལ་མི་ཚོས་ཁོའི་ཕ་རྒན་ཕྱིར་འདོན་ཐུབ་ཙམ་བྱུང་བ་ལས། རྒྱུ་དངོས་ཡོད་ཚད་མེས་འཚིགས་ནས་ཟ་འབྲུ་སྦར་མོ་གང་ཡང་ལག་ཏུ་ལེན་རྒྱུ་མ་བྱུང་།
བཞི།
མེ་ལྕེའི་འོད་རླབས་ཇེ་ཆེ་ནས་ཇེ་ཆེར་སོང་བས་གྲོང་ཚོའི་ཁང་པ་ཕྱེད་ཙམ་ལ་མེ་ཤོར་ཏེ་མཚན་གང་རིང་མེ་གསོད་མ་ཐུབ། ཨི་ཝན་གྱིས་་་དཀོན་མཆོག་གིས་མཁྱེན། ད་འདི་ལས་ངན་ཅི་ཞིག་བསགས་པའི་འབྲས་བུ་རེད། གལ་སྲིད་ངས་གྷབ་རིལ་གྱི་རྗེས་མ་དེད་པར་མེ་གསོད་ཐབས་བྱས་ཡོད་ན་མེ་དེ་ཏན་ཏན་གསོད་ཐུབ་ངེས་ཡིན།། ཞེས་སྨྲེ་སྔགས་བཏོན། ཞོགས་པ་དེར་ཨལ་ཌེ་ཡི་བུ་ཨི་ཝན་གྱི་འགྲམ་དུ་ཡོང་སྟེ། ་་་ཨ་ཁུ་ཨི་ཝན་ལགས། ཁྱེད་རང་གི་ཨ་ཕ་གྲོངས་གྲབས་འདུག ཁོང་གིས་ཁྱེད་རང་ཐུག་འདོད་གནང་གི་འདུག་པས་མགྱོགས་པོ་ཤོག་གསུང་གི་འདུག་་་ཅེས་ཟེར། ཨི་ཝན་གྱི་ཕ་རྒན་ལ་མེ་སྐྱོན་ཅུང་ཙམ་བྱུང་ཡོད་ཅིང་། མཚན་མོ་ དེར་གྲོང་མི་ཨལ་ཌེ་ཡི་ཁྱིམ་དུ་འཁུར་ནས་དེར་སྡོད་དུ་བཅུག ཨི་ཝན་གྲོང་མི་ཨལ་ཌེ་ཡི་ཁྱིམ་དུ་སླེབས་སྐབས་ཁོའི་ཕ་རྒན་ཉལ་ཁྲི་ཞིག་གི་སྟེང་འཕྲེད་ཉལ་བྱས་ནས་བསྡད་འདུག ཕ་རྒན་གྱིས་ཨི་ཝན་མཐོང་འཕྲལ་་་ཨི་ཝན། ངས་ཁྱོད་ལ་སྐད་ཆ་ག་རེ་བཤད་བྱུང་། ཁང་པར་མེ་རྒྱག་ མཁན་དེ་སུ་རེད། ཅེས་ཟེར། མེ་རྒྱག་མཁན་ཁོ་རེད། ཁོས་མེ་རྒྱག་པ་མིག་མཐོང་ལག་ཟི་བྱུང་། ཨི་ཝན། ད་ལྟ་ང་འཆི་ལ་ཁད་འདུག ཉིན་ཞིག་ཁྱོད་ཀྱང་འཆི་ ངེས་རེད། ད་ཁྱོད་ཀྱིས་དཀོན་མཆོག་དཔང་དུ་བཞག་ནས་དྲང་ གཏམ་ཞིག་ཤོད། ད་ཐེངས་ཀྱི་བྱས་ཉེས་འདི་སུ་ལ་ཡོད་་་ཟེར། ཨི་ཝན་གྱིས་ཁོ་པའི་བྱེད་སྟངས་ལ་ནོར་འཁྲུལ་ཤོར་བ་ངེས་ཤེས་གཏིང་ནས་རྙེད་དེ། པུས་མོ་ས་ལ་བཙུགས་ནས་་་ང་ཡིན། གནས་ཚུལ་ཐབས་ རྡུགས་འདི་འདྲ་ཡོང་བའི་བྱས་ཉེས་ཚང་མ་ང་ལ་ཡོད། ངས་ཨ་ཕ་ཁྱོད་དང་དཀོན་མཆོག་གི་དགོངས་པ་ལས་འགལ་བའི་ལས་ངན་བསགས་སོང་།། ཞེས་འགྱོད་བཤགས་བྱས། ཕ་རྒན་གྱིས་་་དཀོན་མཆོག་གིས་མཁྱེན། དཀོན་མཆོག་གིས་མཁྱེན། ཞེས་བརྗོད་ཀྱིན་བསྐྱར་དུ་ཨི་ཝན་ལ་བསྟས་ནས། ཨི་ཝན། ད་ཁྱོད་ཀྱིས་ཅི་ཞིག་བྱ་དགོས་པ་ཤེས་སམ། ཞེས་དྲིས། ད་ཐེངས་ཨི་ཝན་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་སྐད་ཤུགས་ཆེན་པོས་ངུས་བྱུང་། ཁོས་ངུ་ངག་གིས་་་ད་ང་ཚོ་ཇི་ལྟར་འཚོ་ དགོས་པའང་ཤེས་ཀྱི་མི་འདུག ཟེར། གལ་ཏེ་ཁྱོད་ལ་དཀོན་མཆོག་གི་བཀའ་དང་ལེན་བྱ་སེམས་ཡོད་ན། གནས་སྟངས་གང་འདྲ་ཞིག་ལ་སླེབས་ཀྱང་ཁྱོད་ཀྱིས་འགན་ འཁུར་དགོས།་་ རྒན་པོས་དབུགས་རིང་ཞིག་འཐེན་རྗེས་་་ ཨི་ཝན། མེ་རྒྱག་མཁན་སུ་ཡིན་མིན་མི་གཞན་དག་སུ་ལའང་མ་ཤོད། མི་གཞན་གྱི་སྡིག་ཉེས་དེ་ཁྱོད་ཀྱིས་དང་ལེན་བྱོས་དང་། དཀོན་མཆོག་གིས་ཁྱོད་གཉིས་ཀར་བྱམས་བརྩེའི་སྤྱན་གྱིས་གཟིགས་ཡོང་།་་ཞེས་བཤད་དེ། མིག་ཟུང་དལ་གྱིས་བཙུམས་ནས་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད།
ཨི་ཝན་གྱིས་མེ་རྒྱབ་མཁན་སུ་ཡིན་མིན་གཞན་སུ་ལའང་མ་བཤད་པར་གསང་ནས་བསྡད། ཐོག་མར་གྷབ་རིལ་གྱི་སེམས་ལ། ཨི་ཝན་གྱིས་མེ་རྒྱག་མཁན་སུ་ཡིན་གཞན་ལ་མ་བཤད་པའི་བྱེད་སྟངས་ལ་བལྟས་ན། ཁོས་ངན་ཇུས་ཤིག་བཤམས་ཡོད་ངེས་རེད་སྙམ་ནས་དོགས་པ་དང་འཇིགས་སྣང་གི་ཁྲོད་དུ་སྡོད་དགོས་བྱུང་། འོན་ཀྱང་དུས་ཡུན་གང་འཚམ་སོང་ཡང་ཨི་ཝན་གྱིས་ཡ་ལན་གང་ཡང་མ་སྤྲད་པས་གྷབ་རིལ་གྱི་སེམས་པ་ལྷོད་ལ་བབས། དེ་ནས་བཟུང་ཨི་ཝན་དང་གླབ་རིལ་གྱི་དབར་རྩོད་རྙོག་གང་ཡང་མ་བྱུང་བ་མ་ཟད། ནང་མི་རྣམས་ཀྱི་དབར་ལ་ཡང་རྙོག་གླེང་མ་བྱུང་། ཁྱིམ་ཚང་གཉིས་པོས་ཁང་པ་གསར་དུ་བརྒྱབས་ནས་འཚོ་བ་གསར་པར་རོལ་འགོ་བརྩམས། མ་གཞི་དེ་སྔོན་ལྟར་ཁང་པ་གཤིབས་ནས་མ་བརྒྱབས་པར་ཁ་ཐག་ཅུང་ཙམ་རིང་དུ་སོང་ཡོད་རུང་། མུ་མཐུད་གྲོང་པ་ཁྱིམ་མཚེས་བྱས་ནས་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད། ཨི་ཝན་གྱིས་ཕ་དམ་པའི་ཁ་ཆེམས་རྣམས་ཡིད་ལ་དྲན་བཞིན། རྒྱུན་དུ་དཀོན་མཆོག་གི་དགོངས་པ་དང་མི་འགལ་བ་དང་། མེ་ཆུང་དུས་ནས་གསོད་དགོས་པའི་བསླབ་བྱ་དག་ཡིད་ལ་བརྟན་པོར་བཅངས།རྣམ་ཀུན་མི་གཞན་གྱིས་ཁོ་པར་ཚིག་རྩུབ་བཤད་པའམ་གནོད་པའི་བྱ་བ་གང་ཞིག་བྱས་ཀྱང་། དགྲ་ཤ་ལེན་རྒྱུ་ལྟ་ཞོག་བཟོད་སྒོམ་ དང་དགོངས་སེལ་བྱས་ནས་ཕ་རོལ་པོར་ཞི་འགྲིག་ཁོ་ན་བྱས་པས། ཁོའི་ཁྱིམ་གྱི་འཚོ་བའང་ཉིན་རེ་བཞིན་ཡར་རྒྱས་སོང་སྟེ།
ཚེ་མཇིག་ཏུ་གཞན་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ངོ།།
མཆན། སྒྲུང་ཐུང་འདི་ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་ལིའུ་ཊོལ་སི་ ཊོ་ ཡིས་བརྩམས། ཁོང་ནི་རྒྱུ་ནོར་ལོངས་སྤྱོད་དང་གཏམ་སྙན་གྲགས་རྒྱབ་ ཏུ་བསྐྱུར་ཏེ་ཉམ་ཆུང་དབུལ་པོའི་དོན་ལ་གཞོལ་ཞིང་། རྒྱུན་དུ་བྱམས་ བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་དགའ་ཞེན་གནང་མཁན་ཞིན་ཡིན། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིས་སྐུ་ཞབས་ཊོལ་སི་ཊོ་ཡི་རྩོམ་རིག་ལ་དགའ་ཞེན་ཆེན་པོ་གནང་བ་མ་ཟད། ཁོང་རྣམ་གཉིས་ཀྱིས་ཡིག་འབྲེལ་ཡང་ ལམ་མང་གནང་མྱོང་།
སློབ་ཚན་འདི་༡༩༩༩་(1999)ལོར་རྒྱ་གར་རྒྱལ་ཡོངས་ཤེས་ ཡོན་ཉམས་ཞིབ་དང་སྦྱོང་བརྡལ་ལྷན་ཚོགས་(NCERT) ཀྱིས་འདོན་སྤེལ་བྱས་པའི་འཛིན་རིམ་བརྒྱད་པའི་དབྱིན་ཇིའི་ སྐད་ཡིག་སློབ་དེབ་ཐོག་ཡོད་པ་བསོད་ནམས་བཟང་པོས་བོད་སྒྱུར་བྱས།
на фото: внук Льва Толстого Илья Толстой и Долан с американской миссией в Тибете, около 1942 года.